Thursday, December 13, 2018

ཕ་མའི་ཤུལ་བཞག།

༉ ང་བཅས་རང་འཇིག་རྟེན་འདི་ནང་ལུ་ དྲིན་ཆེ་བ་དང་བྱམས་སྙིང་བསྐྱེད་ས་ལུ་གཞི་བཞག་པ་ཅིན་ རང་གི་ཨ་པ་དང་ཨའི་གཉིས་ལུ་ འགྲན་ཟླ་མེདཔ་ཨིནམ་ མི་མང་ཆེ་བ་ཅིག་གིས་མཁྱེན། ཆུང་ཚེ་མའི་བསྒང་ལས་ མི་གཙང་བ་ཆུ། ཨ་ཝ་ལ་སོགས་པ་དང་ འབྱུང་བ་བཞིའི་གནོད་པ་ལས་ སྲོག་སྐྱབས་དང་གཅེས་སྐྱོང་མཛད་པ་གིས་མ་ཚད་ སྦོམ་འགྱོ་བའི་བསྒང་ལསན་ མིའི་གྲས་བཙུགས་ནིའི་ཐབས་ལུ་ ལྟོ་གོས་ཆོས་གསུམ་དང་ གཞན་ཡོ་བྱེད་ཚུ་ རང་མེད་རོགས་ལས་འཚོལ་ཏེ་ དཀའ་བ་དཔག་ཏུ་མེདཔ་ཅིག་སྤྱད་དགོ་པས་ཟེར་ཞུ་ནི་ཨིན།
དེ་མ་ཚད་ བུ་གཞི་གི་དོན་ལུ་ ཕམ་ཚུ་གིས་ཚེ་གཅིག་ལུས་གཅིག་དཀའཝ་སྤྱད་ རྒྱུ་དང་ལོངས་སྤྱོད་བསྒྲུབ་ མ་འོང་པ་བུ་གཞིའི་སྟེང་ཁར་ ཤུལ་བཞག་ཟེར་ རང་རང་སོ་སོའི་འབྱོར་པ་དང་བསྟུན་ ང་བཅས་རའི་རྒྱལ་ཁབ་ཀྱི་ས་གནས་དང་ལམ་ལུགས་མང་ཤོས་ཅིག་ནང་ ཕ་མའི་ཤུལ་བཞག་ཟེར་འབྱིན་སྲོལ་ཡོདཔ་ཨིན། ང་བཅས་ཤར་ཕྱོགས་ལུང་ཕྱོགས་དང་རང་གི་གཡུས་ཁར་ལུ་འབད་ཅིན་ ཨ་མའི་མ་ཁྱིམ་དང་ཨ་པའི་ཕ་གཞི་ཟེར་ ཤུལ་བཞག་ཁག་ཆེ་ཤོས་དང་འབྱིན་སྲོལ་ཁྱབ་ཆེ་ཤོས་ཅིག་ཨིན།
ངེ་གི་ཕམ་གཉིས་ཀྱི་ཐད་ཁར་ལུ་ཡང་ དཀའཝ་སྤྱད་པ་ལུ་བལྟ་བ་ཅིན་ ཉིན་མ་དཀར་གྱི་བཅད། ཕྱི་རུ་གནག་གི་བཅད་དེ་ལཱ་འབད་ས་ཅིག་རུང་ གཞན་གྱི་ཕམ་བཟུམ་ མ་ཁྱིམ་དང་ཕ་གཞི་ཟེར་ དོག་དོ་རིལ་རི་ཅིག་ག་ནི་ཡང་མེད། ཨིན་རུང་ཁོང་གཉིས་ཀྱི་ ཨ་ལོ་ཚུ་གི་རྒྱུད་ལུ་ ཤུལ་བཞག་འདི་གཞན་དང་མ་འདྲཝ་ཅིག་ཡོད། འདི་ཡང་ ཁོང་རང་གཉིསཔ་ཆ་རང་ ཆུང་ཀུའི་བསྒང་ལུ་ སློབ་གྲྭ་ནང་ཉིནམ་གཅིག་ཡང་ ཆོས་མ་བལྟ་མི་ཅིག་ཨིན། ཨིན་རུང་ཨ་ལོ་ཚུ་ག་རང་སློབ་གྲྭ་ནང་ཆོས་བལྟ་བར་བཏང་དགོ་ཟེར་བའི་ ཤེས་ཡོན་ཁྱད་དུ་འཕགས་པ་ཅིག་ཁོང་གཉིས་ཀྱི་ རྒྱུད་ལུ་ཐོབ་ནུག་ཟེར་ཞུ་ནི་ཨིན། དེ་བཞིན་ངེའི་ཕམ་གཉིས་ཀྱིས་ དཀའཝ་སྤྱད་པ་ལུ་མ་ཚེར་བར་ ང་བཅས་སྤུན་ཆ་ལྔཔོ་ཆ་རང་ སློབ་གྲྭ་ནང་བཙུགས་ཡི་ཟེར་ཞུ་ནི་ཨིན།
ང་གིས་སློབ་གྲྭ་ཆུང་བའི་ནང་ལུ་སྡོདཔ་ད་ ཆོས་བལྟ་ནི་འདི་ ཕྲལ་ཕོག་ཕོགསཔ་བཟུམ་ཅིག་དང་ སློབ་གྲྭ་འདི་བཙོན་ཁང་བཟུམ་ཅིག་གི་སྣང་བ་མ་གཏོགས་ ཆོས་བལྟ་ནི་གི་དོན་གཉེར་ཅིག་ཙ་དང་སྤུ་ལས་རང་བསྐྱེད་མ་ཚུགས། ང་དང་ངེའི་ཆ་རོགས་མང་ཤོས་ཅིག་ལུ་ ཚ་གྱངས་དང་དཀའ་ངལ་ཟེར་རུང་ཡང་ ཕོཝ་མ་གྲངས་པའི་དཀའ་ངལ་དང་མི་གཞན་གྱིས་དྲངས་ བང་ཅན་བཙོང་པའི་ཚ་རྒྱས་འདི་ལས་ གཞན་ཆེ་ཤོས་ཅིག་ག་ནི་མེད། ལོ་བདུན་གྱི་སློབ་གྲྭ་ཆུང་བའི་དུས་ཚོད་འདི་ དམྱལ་བའི་དུས་ཚོད་བཟུམ་ཅིག་ འཛོགས་སོང་རུང་ཡང་ ཆོས་རྒྱུགས་ཀྱི་གྲུབ་འབྲས་འདི་ལེགས་ཤོམ་འཐོབ་སྟེ་ ཤེས་ཡོན་ཕྲོ་མཐུད་སྦྱང་ནིའི་གོ་སྐབས་འཐོབ་ཅི་ཡི།
ད་ངེ་གི་མི་ཚེ་གི་གསང་བའི་གཏམ་ཅིག་བཤད་པ་ཅིན་ ང་བཅས་སྤུན་ཆ་ལྔཔོ་ལུ་ ཕམ་ཡ་གཅིག་རང་ཨིན། ངེ་གི་ཨའི་འདི་ ང་སློབ་རིམ་བཅུ་པའི་ནང་ལུ་དཔེ་ཆ་ལྷབ་པའི་བསྒང་ བྱང་སྟོར་ཤོར་བའི་གནད་ལས་ འཆི་བ་མི་རྟག་པ་ལུ་ བླགས་ཁེལ་མ་ཚུགས། ཨིན་རུང་ཡང་ངེ་གི་ཨའི་གི་རེ་བ་འདི་ ང་བཅས་ཨ་ལོ་ལྔཔོ་ཆ་རང་ ཉུང་མཐའ་མཐོ་རིམ་སློབ་གྲྭ་འཛོགས་ཏེ་རང་འགོ་རང་འདྲོངས་སྦེ་སྡོད་ནི་འདི་ཨིན། དེ་བཟུམ་སྦེ་རང་ ངེའི་ཨ་པའི་རེ་བ་འདིནི་ ང་བཅས་ཀྱི་ཆོས་བལྟ་ཚར་བའི་ཤུལ་ལུ་ མི་གཞན་ལུ་བསམ་པ་སེམས་བསྐྱེད་ལེགས་ཤོམ་བསྐྱེད་དེ་ མི་སྡེ་དང་ཕར་ལོགས་མ་ལུ་ཕན་ཐོགས་ཚུགས་པའི་རེ་བ་ཨིན།
འ་ནི་འབད་ནི་འདི་གིས་ ང་རའི་ཧོངས་ལས་འབད་བ་ཅིན ང་གིས་ད་རེས་ཕ་མའི་རེ་བ་སེམས་ལུ་བཞག་སྟེ་ ཆོས་ལུ་སེམས་ཤུགས་དང་དོན་གཉེར་ཐེབས་ཅིག་བསྐྱེད་དེ་ལྷབ་དོ་ཟེར་ཞུ་ནི་ཨིན། དེ་འབདཝ་ལས་ངེ་གེ་དོན་ལུ་ ངེའི་ཕ་མའི་ཤུལ་བཞག་ ཨའི་གི་མ་ཁྱིམ་ཟེར་རུང་ ཨ་པའི་ཕ་གཞི་ཟེར་རུང་ ང་ཆོས་ཡོན་ཏོན་ལྷབ་ནིའི་གོ་སྐབས་གནང་མི་དང་ ཁོང་གཉིས་ཀྱི་རེ་བ་འདི་ཨིན་ཟེར་ཞུ་ནི།
བཀྲིན་ཆེ།

No comments:

Post a Comment

ཁྱོད་ཚར་རེ་མཐོངམ་ད།

  ཁྱོད་ཚར་རེ་མཐོངམ་ད ། Chhe tsha re thong da bu ngi lo sem di tsa da pule rang michha bey  ཁྱོད་ཚར་རེ་མཐོངམ་ད་ བུ་ངེའི་བློ་སེམས་འདི་ རྩ་དང་ས...