གཅན་ཟན་དབང་གི་རྒྱལ་པོ།། མཛེས་པའི་རིས་མོ་ལྡན་པ།།
སྟོབས་དང་དཔའ་རྩལ་མཁས་པས།། དགྲ་དུག་ཟིལ་གྱིས་གནོན་བཞིན།།
ཆུ་ཕོ་སྟག་ལོའི་ལོ་གསར།། སྟོབས་ཤུགས་རྔམ་བརྗིད་ཕུན་ཚོགས།།
བཀྲིས་སྨོན་ལམ་ཞུ་ནི།།
གངས་ལྗོངས་བསྟོད་ཀྱི་བདག་པོ།། ངར་སྐད་གཟི་བརྗིད་ཆེ་བ།།
བསྒོམ་པ་གསལ་སྟོང་ལྡན་ཏེ།། རི་རྒྱལ་ཀུན་གསལ་མཐོང་བཞིན།།
ཆུ་ཕོ་སྟག་ལོའི་ལོ་གསར།། གསལ་སྟོང་གཟི་བརྫིད་ཕུན་ཚོགས།།
བཀྲིས་སྨོན་ལམ་ཞུ་དོ།།
སྔོན་དུས་སངས་རྒྱས་བཞུགས་སྐབས།། སྦྱིན་ཡུལ་སྟག་མོ་བཟའ་ཚང་།།
རྣམ་འདྲེན་བྱང་ཆུབ་གྲུབ་པས།། སྦྱིན་འབྲས་དཔལ་གྱི་བྱིན་བརླབས།།
ཆུ་ཕོ་སྟག་ལོའི་ལོ་གསར།། རྒྱུན་དུ་འབབ་པས་ཕུན་ཚོགས།།
བཀྲིས་སྨོན་ལམ་ཞུ་དོ།།
མོན་མོ་བཀྲིས་ཁྱེའུ་སྒྲོན།། བླ་མའི་འཆིབས་སྟག་ཡིན་པས།།
མུ་སྟེགས་བདུད་དམ་བཏུལ་ཡོད།།དེ་བཞིན་ནད་ཡམས་ཀོ་བིཊ།།
ཆུ་ཕོ་སྟག་ལོའི་ལོ་གསར།། འཇོམས་བཞིན་བདེ་བ་ཕུན་ཚོགས།།
བཀྲིས་སྨོན་ལམ་ཞུ་དོ།།
དབང་ཐང་རླུང་རྟའི་བདག་པོ།། དགྲ་བླ་རྒྱ་སྟག་ཆེན་པོ།།
དཔའ་བརྩལ་དོན་གཉེར་ལྡན་པ།། དབང་ཐང་རྔམ་བརྗིད་ཆེ་བཞིན།།
ཆུ་ཕོ་སྟག་ལོའི་ལོ་གསར།། དབང་རླུང་རྒྱས་པས་ཕུན་ཚོགས།།
བཀྲིས་སྨོན་ལམ་ཞུ་དོ།།
སྟག་གི་སྟོབས་དང་གཟི་བརྗིད།། སྟག་གི་ངར་དང་དཔའ་བརྩལ།།
སྟག་གི་སྤྱན་རིག་གསལ་སྟོང་།། སྟག་གི་བྱང་ཆུབ་འདྲེན་ནུས།།
སྟག་གི་ཟིལ་གནོན་དབང་ཐང་།། དེ་རིང་ལོ་གསར་ཉིན་མོར།།
འཛམ་གླིང་ཀུན་ལ་ཁྱབ་པས།། ནད་ཡམས་ཀོ་བིཊ་༡༩།།
མྱུར་དུ་འཇོམས་པའི་སྨོན་ལམ།། སྒོ་གསུམ་སྙིང་དཀྱིལ་ནས་ཞུ།།
No comments:
Post a Comment